ལུས་འབྲེལ་ལས་སྤེལ་བའི་འབུ་ནད་དང་ནད་གཞི་ ག་ཅི་ར་སྨོ?
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཟེར་མི་འདི་ ནད་འབུཔ་ཡོད་པའི་མི་དང་གཅིག་ཁར་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་བའི་སྐབས་ ཐོབ་མི་འབུ་ནད་དེ་ལུ་སླབ་ཨིན། ཨེཆ་ཨེའི་ཝི་ཡང་ ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཅིག་ཨིནམ་ལས་ ཁོང་གཉིས་ཀྱི་འབུ་ཐངས་ལུ་ ཁྱད་པར་མེདཔ་ཨིན།
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཚུ་གི་ སྤྱིར་བཏང་རྟགས་མཚན།
ལུས་འབྲེལ་སྤེལ་བའི་འབུ་ནད་ཐོབ་པའི་སྐབས་ ཨམ་སྲུ་ཚུ་ལུ་ཨིན་པ་ཅིན་ ཨ་རྟག་དང་མ་འདྲ་བའི་ མོ་མཚན་ནང་ལས་ རྣག་དང་ཁྲག་ཐོན་ནི་ དེ་ལས་ ཆབ་གསང་གཏང་བའི་སྐབས་ཚ་ནི་ ཕོ་ཅུམ་ན་ནི་དང་ ལུས་འབྲེལ་འབད་བའི་སྐབས་ན་ནི་ མོ་མཚན་ཚ་ནི་དང་ཆུ་བུར་སྐྱེས་ནི་ དེ་ལས་རྣག་ཐོན་ནི་ཚུ་ ནད་རྟགས་སྦེ་སྟོནམ་ཨིན།
ཕོ་སྐྱེས་ཚུ་ལུ་ཨིན་པ་ཅིན་ ཕོ་མཚན་ནང་ལས་རྣག་ཐོན་ནི་དང་ ཆབ་གསང་གཏང་བའི་སྐབས་ཚ་ནི་ ཕོ་མཚན་གུ་རྨ་དང་ཆུ་བུར་སྐྱེས་ནི་ ལྷིགཔ་རྡོག་ན་ནི་དང་སྦོ་ནི་ དེ་ལས་ ཨ་བུའི་དོང་ནང་ལས་རྣག་ཐོན་ནི་ཚུ་ ནད་རྟགས་སྦེ་སྟོནམ་ཨིན།
སེམས་ཁར་བཞག་དགོཔ།
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ གྲང་བ་དང་བསེམོ་བོ་ཀྲོ་ དེ་ལས་ ཇེ་ནི་ཊལ་ཝརཊིསི་དང་ ཇེ་ནི་ཊལ་ཧར་པིསི་ཚུ་ ནད་བཀག་སྨན་གྱིས་སྨན་བཅོས་འབད་ཚུགས་རུང་ དྲག་མི་ཚུགས།
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཀྱི་ གནོད་ཉེན།
- ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཚུ་ སྨན་བཅོས་མ་འབད་བ་བཞག་པ་ཅིན་ སྟབས་མ་བདེཝ་སྦོམ་བྱུངམ་ཨིན། དེ་ཡང
- ཨ་ལུ་སྐྱེས་བའི་སྐབས་ དཀའ་ངལ་ཐོན་ནི།
- ཨ་ལུ་ཤོར་ནི་དང་ ཤི་ཤིཝ་སྐྱེས་ནི།
- ཨ་ལུ་ཆགས་མ་བཏུབ་ཐལ་ནི།
- ཀེན་སར་ལ་སོགས་པ་ཐོབ་ཨིན།
ཉེན་ཁ་ག་དེ་སྦེ་ཡོདཔ་སྨོ?
འོག་ལུ་བཀོད་ཡོད་པའི་བྱ་བ་སྤྱོན་ལམ་ཚུ་ལུ་བརྟེན་ གཞན་ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཐོབ་ནི་གི་ཉེན་ཁ་སྦོམ་ཡོདཔ་ཨིན།
- ལུས་འབྲེལ་འབད་བའི་སྐབས་ ཕོ་མཚན་ཤུབས་ལག་ལེན་མ་འཐབ་པ།
- ཁྱོད་རང་དང་ ཁྱོད་རའི་ལུས་འབྲེལ་འབད་མི་ཆ་རོགས་དེ་ལུ་ ལུས་འབྲེལ་འབད་མི་ལེ་ཤ་ཡོདཔ།
- ཆང་ལེ་ཤ་འཐུང་ནི་དང་ སྨྱོ་རྫས་ལག་ལེན་འཐབ་མི་འདི་གིས་ ལུས་འབྲེལ་འབད་ནི་ལུ་ སྤྲོ་བ་ཞན་བཅུག་ནི་དང་ ག་དེམ་ཅིག་སྦེ་ལུས་འབྲེལ་འབད་རུང་ ཕོ་མཚན་ཤུབས་ལག་ལེན་བ་འཐབ་པ་འབད་ནིའི་ཉེན་ཁ་ཡོདཔ་ཨིན།
- བཙབ་རིས་བཟོ་ནིའི་ཁབ་ཀྱི་རིགས་དང་ སྨྱོ་རྫས་ཀྱི་ཁབ་ཚུ་ གཅིག་ཁར་རུབ་སྟེ་ལག་ལེན་འཐབ་ནི་མི་འོང་།
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཀྱི་དཔེ།
- གྲང་བ།
- ཀེ་ལེ་མི་ཌི་ཡ།
- ཊའི་ཀོ་མོ་ནསི།
- ཇེ་ནི་ཊལ་ ཧར་པིསི།
- ཧེ་པ་ཊའི་ཊིསི་སྦི།
- བསེམོ་བོ་ཀྲོ།
- ཨེཆ་ཨེའི་ཝི།
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཀྱི་བཀག་ཐབས་དང་ སྨན་བཅོས།
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཐོབ་མི་ མང་ཤོས་ཅིག་ལུ་ ནད་རྟགས་ཚུ་གསལ་རི་རི་སྦེ་ སྟོན་ནི་མེདཔ་ཨིན། འདི་འབདཝ་ལས་ འོག་ལུ་བཀོད་ཡོད་པའི་བསླབ་སྟོན་ཚུ་ སེམས་ཁར་བཞག་དགོཔ་གལ་ཆེ།
- ལུས་འབྲེལ་འབད་བའི་སྐབས་ ཨ་རྟག་རང་ ཕོ་མཚན་ཤུབས་ལག་ལེན་འཐབ་དགོཔ་མ་ཚད་ དམིགས་བསལ་གྱི་ རང་ལུ་ལུས་འབྲེལ་འབད་མི་ཆ་རོགས་ལེ་ཤ་ཡོད་པ་ཅིན་ ཕོ་མཚན་ཤུབས་འདི་ངེས་པར་དུ་ལག་ལེན་འཐབ་དགོཔ་ཨིན།
- གལ་སྲིད་ ཁྱོད་ཀྱི་མི་ལེ་ཤ་དང་གཅིག་ཁར་ ཕོ་མཚན་ཤུབ་ལེག་ལེན་མ་འཐབ་པར་ལུས་འབྲེལ་འབད་འབདཝ་ཡོད་པ་ཅིན་ རང་ལུ་ ལུས་འབྲེལ་ལས་སྤེལ་འབུ་ནད་ ཡོད་ག་མེད་ག་བརྟག་དཔྱད་འབད་དགོཔ་ཁག་ཆེ།
- ཁྱོད་ལུ་ ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཡོད་པ་ཅིན་ ཁྱོད་རང་དང་གཅིག་ཁར་ ལུས་འབྲེལ་འབད་མི་ཆ་རོགས་ཡང་ འབུ་ནད་དེ་ཡོད་ག་མེད་ག་བརྟག་དཔྱད་འབད་དགོཔ་མ་ཚད་ སྨན་བཅོས་ཡང་འབད་དགོཔ་ཨིན།
- ཁྱོད་ཀྱིས་ ཁྱོད་རའི་ཉེ་འདབས་ལུ་ཡོད་པའི་སྨན་ཁང་དང་ ཡང་ན་ གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ནང་ལས་ རང་ལུ་ ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཡོད་ག་མེད་ག་ བརྟག་དཔྱད་འབད་ཚུགས།
- གསོ་བའི་སྨན་ཁང་ནང་ལས་ སྨན་ཟ་ནི་དང་སྨན་བཅོས་ཀྱི་བཀོད་རྒྱ་མེད་པར་ རང་དབང་གི་ཐོག་ལས་ སྨན་བཅོས་འབད་མ་བཏུབ་ཨིན།