ཨེཆ་ཨའི་ཝི་བཀག་ཐབས།

ཨེཆ་ཨའི་ཝི་དང་གཞན་ལུས་འབྲེལ་བརྟེན་པའི་ནད་གཞི་ཚུ་ བཀག་ཐབས་འབད་ནིའི་ཐབས་ལམ་ག་ཅི་ར་ཡོདཔ་སྨོ?

ཨེཆ་ཨའི་ཝི་དང་གཞན་ལུས་འབྲེལ་ལས་བརྟེན་པའི་ནད་གཞི་ཚུ་ བཤམ་ལུ་འཁོད་དེ་ཡོད་པའི་ཐབས་ལམ་ཚུ་གིས་བཀག་ཚུགསཔ་ཨིན།

  • ཉེན་སྲུང་མེད་པའི་ལུས་འབྲེལ་འབད་ནི་ལས་འཛེམ་ནི།
  • རང་གི་གཉེན་གྲོགས་ཡང་ན་ གཏན་རྐྱང་གི་གྲོགས་ལུ་ དམ་ཚིག་བསྟེན་ནི།
  • ཕོ་མཚན་ཤུབས་ཨ་རྟག་རང་ ཚུལ་མཐུན་སྦེ་ལག་ལེན་འཐབ་ནི།
  • སྨྱོ་རྫས་ཀྱི་རིགས་ཚུ་ ལག་ལེན་འཐབ་ནི་ལས་འཛེམ་ནི།

ཨ་ལུ་ཆགས་ཡོད་པའི་ཨའི་གིས་ ཨ་ལུ་མ་སྐྱེ་བའི་ཧེ་མ་ ཨ་ལུ་ལུ་ནད་འབུཔ་ཨེཆ་ཨའི་ཝི་སྤེལ་ནི་ལས་ བཀག་ཐབས་འབད་ཚུགས་ག?

དང་པ་ ཨ་ལུ་ཆགས་ཡོད་པའི་ཨའི་ཚུ་ ཨ་ལུ་མ་སྐྱེ་བའི་ཧེ་མ་ སྨན་ཁང་ནང་བརྟག་དཔྱད་འབད་བ་འགྱོ་བའི་སྐབས་ ཨེཆ་ཨའི་ཝི་གི་བསླབ་སྟོན་དང་ བརྟག་དཔྱད་ཞབས་ཏོགས་ཚུ་ལེན་དགོཔ་ཨིན། གལ་སྲིད་ ནད་འབུཔ་ཡོད་པའི་གྲུབ་འབྲས་འབྱུང་པ་ཅིན་ ART གི་སྨན་བཅོས་འདི་ ཨ་ལུ་གི་ཨའི་གིས་འདི་འཕྲོ་ལས་ཐོབ་ཚུགསཔ་མ་ཚད་ ཤུས་ལས་ཨ་ལུ་གིས་ཡང་ཐོབ་ཚུགས།

ཨ་ལུ་ཆགས་ཡོད་པའི་ཨའི་ཚུ་གིས་ ནད་འབུཔ་ཨེཆ་ཨའི་ཝི་གི་བརྟག་དཔྱད་འདི་ག་དེ་མགྱོགས་མགྱོགས་འབད་ཚུགས་པ་ཅིན་ སྨན་བཅོས་ཚུ་དུས་ཚོད་ཁར་འབད་ཚུགས་པའི་ཕན་པ་ཡོདཔ་མ་ཚད་ ནད་འབུཔ་འདི་ཨ་ལུ་ལུ་སྤེལ་ནི་ལས་ཡང་བཀག་ཚུགས། འདི་འབདཝ་ལས་ ཨ་ལུ་མ་སྐྱེ་བའི་ཧེ་མ་ བརྟག་དཔྱད་དུས་རྒྱུན་དུ་འབད་དགོཔ་མ་ཚད་ ཨ་ལུ་འདི་སྨན་ཁང་ནང་ལུ་སྦེ་སྐྱེ་དགོཔ་གལ་ཆེཝ་ཨིན།

ཨེཆ་ཨའི་ཝི་གི་སྐོར་ལས་གོ་བ་ཕྱི་འགྱུར་འབད་ལེན་མི་ག་དེ་སྦེ་ར་ཡོདཔ་ཨིན་ན?

ཨེཆ་ཨའི་ཝི་གི་སྐོར་ལས་ གོ་བ་ཕྱི་འགྱུར་ཡོངས་གྲགས་ཐལ་ཡོད་མི་ཚུ་ འོག་ལུ་བཀོད་དེ་ཡོད།

  • ཕོ་མཚན་ཤུབས་གཉིས་བརྩེགས་སྦེ་ལག་ལེན་འཐབ་མི་འདི་གིས་ ཨེཆ་ཨའི་ཝི་དང་གཞན་ལུས་འབྲེལ་ལས་བརྟེན་པའི་ནད་གཞི་བཀག་ཐབས་འབད་ཚུགས། (མི་བདེན)
  • ཕོ་མཚན་ཤུབས་འདི་ལོག་ལག་ལེན་འཐབ་བཏུབ། (མི་བདེན)
  • ཕོ་མཚན་ཤུབས་ལག་ལེན་འཐབ་ད་ ལུས་འབྲེལ་འབད་ནི་ལུ་སྤྲོ་བ་ མར་ཉམས་འགྱོཝ་ཨིན། (མི་བདེན)
  • ཕོ་མཚན་ཤུབས་ཀྱིས་ ཨེཆ་ཨའི་ཝི་དང་གཞན་ལུས་འབྲེལ་ལས་བརྟེན་པའི་ནད་གཞི་བཀག་ཚུགས་རུང་ ཨམ་སྲུ་ཨ་ལུ་ ཆགས་ནི་ལས་བཀག་མི་ཚུགས། ཡང་ན་ ཕོ་མཚན་ཤུབས་ཀྱིས་ ཨམ་སྲུ་ཨ་ལུ་ཆགས་ནི་ལས་བཀག་ཚུགས་རུང་ ཨེཆ་ ཨའི་ཝི་དང་གཞན་ལུས་འབྲེལ་ལས་བརྟེན་པའི་ནད་གཞི་ཚུ་བཀག་མི་ཚུགས། (མི་བདེན)
  • ཕོ་མཚན་ཤུབས་ཚུ་ལུ་ ལག་ལེན་འཐབ་མ་བཏུབ་འགྱོ་བའི་ཡུན་ཚང་ཚེས་གྲངས་འདི་མེདཔ་ལས་ ཐེ་ཚོམ་ག་ནི་ཡང་མེད་པར་ ལག་ལེན་འཐབ་བཏུབ་ཨིན། (མི་བདེན)
  • ལུས་འབྲེལ་འབད་བའི་སྐབས་ སྣུམ་བླུག་ཡར་འཕར་བཏང་སྟེ་ སྤྲོ་བ་འབྱུང་ནིའི་དོན་ལུ་ སྤྱིན་ཁུ་དང་སྣུམ་ དེ་ལས་ གདོང་གུ་དབྱུར་ནིའི་སྨན་རིགས་ཚུ་ ལག་ལེན་འཐབ་ནི་ལུ་ཉེན་ཁ་མེད། (མི་བདེན)
  • ཨ་ལུ་བཀག་ཐབས་འབད་ནིའི་སྨན་བཅོས་དང་གཤག་བཅོས་འབད་ཡོད་པའི་ཨམ་སྲུ་ཚུ་དང་གཅིག་ཁར་ ལུས་འབྲེལ་འབདཝ་ད་ ཕོ་མཚན་ཤུབས་ལག་ལེན་འཐབ་དགོཔ་མེད། (མི་བདེན)
  • ཕོ་རིགས་ཀྱི་སོན་བཀག་ནིའི་གཤག་བཅོས་འབད་ཡོད་མི་ཕོ་སྐྱེས་ཚུ་ ལུས་འབྲེལ་འབདཝ་ད་ ཕོ་མཚན་ཤུབས་ལག་ལེན་འཐབ་དགོཔ་མེད། (མི་བདེན)
  • ལུས་འབྲེལ་མིན་པའི་ གནད་དོན་སོ་སོ་གི་དོན་ལུ་ཡང་ ཕོ་མཚན་ཤུབས་ལག་ལེན་འཐབ་བཏུབ་ཨིན། (མི་བདེན)

གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ཟེར་མི་འདི་ ག་ཅི་སྨོ? ལྟེ་བ་འདི་གིས་ མི་སེར་ཚུ་ལུ་ཞབས་ཏོག་ག་ཅི་རང་ བྱིནམ་ཨིན་ན?

གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ཟེར་མི་འདི་ ཨེཆ་ཨེའི་ཝི་གི་བཀག་ཐབས་ཀྱི་སྐོར་ལས་ བསླབ་སྟོན་དང་ བརྟག་དཔྱད་ཀྱི་ཞབས་ཏོག་བྱིན་མི་ ལྟེ་བ་ཅིག་ཨིན། འ་ནཱི་ལྟེ་བ་ཚུ་ ཁྲོམ་ཚོགས་སྦོམ་ (ཐིམ་ཕུག ཕུན་ཚོགས་གླིང་། དགེ་ལེགས་ཕུག བསམ་གྲུབ་ལྗོངས་ཁར། ལོ་བི་ས་ དང་ བུམ་ཐང་) ཚུ་ནང་ཆགས་ཏེ་ཡོདཔ་ཨིན། འ་ནཱི་ལྟེ་བ་ཚུ་ནང་ལས་ ཕོ་མཚན་ཤུབས་ཚུ་རིན་མེད་སྟོང་པ་སྦེ་ཐོབ་ཚུགསཔ་མ་ཚད་ གཞན་ཕོ་མོའི་མཚན་རྟགས་དང་འབྲེལ་བའི་གསོ་བའི་བརྡ་དོན་ཚུ་ཐོབ་ཚུགསཔ་ཨིན།