རང་ལུ་ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་ ཤེས་དགོ་པ་ཅིན་ བརྟག་དཔྱད་འབད་ནི་འདི་ཁག་ཆེཝ་ཨིན།
རང་ལུ་ནད་འབུཔ་ཨེཆ་ཨའི་ཝི་ཡོད་ག་མེད་ག་ཤེས་པ་ཅིན་ ནད་འབུཔ་ཡོད་པའི་རྟགས་མཚན་མ་སྟོནམ་ལས་ དུས་ཚོད་ཁར་སྨན་བཅོས་འབད་ཚུགསཔ་མ་ཚད་ ནད་འབུཔ་ཡོད་མི་ཚུ་གིས་ ནད་འབུཔ་མེད་མི་ཚུ་ལུ་ སྤེལ་ནི་ལས་ཡང་བཀག་ཚུགསཔ་ཨིན།
ནད་འབུཔ་ཨཆ་ཨེའི་ཝི་ཐོབ་ཚར་བའི་ཤུལ་ལུ་ བདུན་ཕྲག་གསུམ་ལས་ ཟླ་ངོ་གསུམ་གྱི་བར་ན་ ནད་འབུཔ་འདི་ལུ་གདོང་ལེན་འབད་ནིའི་གཟུགས་ཀྱི་སྟོབས་ཤུགས་མ་བྱུངམ་ལས་ རང་གི་གཟུགས་ཁར་ ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་བརྟག་དཔྱད་འབད་རུང་ ནད་འབུཔ་མེད་པའི་ མ་བདེན་པའི་གྲུབ་འབྲས་བྱུངམ་ཨིན། འདི་འབདཝ་ལས་ ཁྱོད་ལུ་ནད་འབུཔ་ཡོད་ག་མེད་གྲུབ་འབྲས་གཏན་འཁེལ་བཟོ་ནིའི་དོན་ལུ་ ཟླ་ངོ་གསུམ་གྱི་རྒྱབ་ལས་ལོག་སྟེ་བརྟག་དཔྱད་འབད་བའི་སྐབས་ ནད་འབུཔ་འདི་མེདཔ་སྦེ་འཐོན་པ་ཅིན་ ཁྱོད་ལུ་ནད་འབུཔ་མེདཔ་བརྟན་བརྟན་ཨིན། ཁྱོད་ལུ་ནད་འབུཔ་མེད་པའི་གྲུབ་འབྲས་ལས་བརྟེན་ ཁྱོད་རའི་དམ་ཚིག་ཅན་གྱི་གྲོགས་ལུ་ཡང་ ནད་འབུཔ་འདི་མེདཔ་སྦེ་ ཕོ་ཚོད་དཔང་ཚུགསཔ་ཨིན།
གཞུང་གི་གསོ་བའི་ལྟེ་བ་ཚུ་དང་ སྒེར་གྱི་བརྟག་དཔྱད་ཁང་ཚུ་གིས་ ཨེཆ་ཨེའི་ཝི་བརྟ་དཔྱད་དང་བསླབ་སྟོན་གྱི་ལོ་རྒྱུས་ཚུ་ ག་དེ་དྲག་དྲག་གསང་བ་སྦེ་བཞག་དགོཔ་ཨིན། གལ་སྲིད་ གསང་བའི་ལོ་རྒྱུས་ཚུ་ ཁྲིམས་འགལ་ཐོག་ལས་ གཞན་ལུ་བཤད་པ་ཅིན་ དཔལ་ལྡན་འབྲུག་པའི་གསོ་བ་དང་ ཕྲོད་བསྟེན་ཚོགས་སྡེའི་བཅའ་ཁྲིམས་ ༢༠༠༢ ཅན་མ་དང་འཁྲིལ་ ཉེས་བྱ་ཚུ་ཕོག་ནི་ཨིན།
རང་ལུ་ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་ ཤེས་དགོ་པ་ཅིན་ ཉེ་འདབས་ལུ་ཡོད་པའི་སྨན་ཁང་ ཡང་ན་ གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ཚུ་ནང་ བརྟག་དཔྱད་འབད་བ་འགྱོ་དགོཔ་ཨིན། ལྷག་པར་དུ་ ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་ཞབས་ཏོག་འདི་ སྒེར་གྱི་བརྟག་དཔྱད་ཁང་ཚུ་ནང་ལས་ཡང་ཐོབ་ཚུགས། བརྟག་དཔྱད་ཁང་གི་ཐོ་ཚུ་ འ་ནཱི་ཡོང་འབྲེལ་འཆར་སྒོ་ www.access2care.bt ནང་ལས་འཐོབ་ཚུགས།
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།