ཨེཆ་ཨེའི་ཝི་གི་སྨན་བཅོས་ཞབས་ཏོག་ཚུ་ ག་དེ་སྦེ་འཐོབ་ཚུགསཔ་སྨོ?
ཨེཆ་ཨེའི་ཝི་གི་སྨན་བཅོས་ཞབས་ཏོག་ཚུ་ རྒྱལ་ཁབས་ནང་ལུ་ཡོད་པའི་ སྨན་ཁང་ག་ར་ནང་ལས་ཐོབ་ཚུགསཔ་མ་ཚད་ གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ཚུ་ནང་ལས་ཡང་ཐོབ་ཚུགསཔ་ཨིན། ལྷག་པར་དུ་ སྤྱིར་བཏང་མི་སྡེ་དང་འབྲེལ་བའི་ཞབས་ཏོག་ལ་སོགས་པ་ཚུ་ གཞུང་མིན་ལས་ཚོགས་ (ལྷག་བསམ་དང་ Pride Bhutan) ཚུ་ལས་ཐོབ་ཚུགསཔ་ཨིན། ཁྱོད་ལུ་ནད་འབུཔ་ཨེཆ་ཨེའི་ཝི་ཡོད་པའི་གྲུབ་འབྲས་འབྱུང་པ་ཅིན་ ཁྱོད་ཀྱིས་འདི་འཕྲོ་ལས་ གསོ་བའི་བསླབ་སྟོན་པ་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་སྟེ་ བཤམ་ལུ་འཁོད་དེ་ཡོད་པའི་ སྨན་བཅོས་བརྟག་ཞིབ་ཚུ་དུས་ཚོད་ཁར་འབད་དགོཔ་ཨིན།
- ནད་འབུཔ་ཨེཆ་ཨེའི་ཝི་གི་སྨན་བཅོས་ཀྱི་ཕན་ཐོག་ཡོད་ག་མེད་ག་ ཤེས་ཚུགས་ནིའི་དོན་ལས་ རང་གི་གཟུགས་ཁར་ནད་འབུཔ་གི་གྱངས་ཁའི་ཚད་གཞི་ ག་དེམ་ཅིག་ལུ་ལྷོད་དེ་ཡོདཔ་ཨིན་ན་ ལོ་བསྟར་བཞིན་དུ་ཚར་རེ་བརྟག་དཔྱད་འབད་དགོཔ་ཨིན།
- ནད་འབུཔ་ཨེཆ་ཨེའི་ཝི་ཡོད་པའི་གྲུབ་འབྲས་བྱུང་པའི་ཤུལ་ལས་ རང་གི་གཟུགས་ཀྱི་ནད་བཀག་ནིའི་སྟོབས་ཤུགས་ ཁྲག་ཁམས་དཀརཔོ་གི་གྱངས་ཁའི་ཚད་གཞི་ཧ་གོ་དིའི་དོན་ལུ་བརྟག་ཞིབ་ (CD4 count test)འབད་དགོཔ་ཨིན།
ཨེཆ་ཨེའི་ཝི་གི་སྨན་བཅོས།
ནད་འབུཔ་ཨེཆ་ཨེའི་ཝི་ཡོད་པའི་གྲུབ་འབྲས་འབྱུང་པའི་སྐབས་ མི་ལ་ལུ་ཅིག་གི་སེམས་ཁར་རྣམ་རྟོག་དང་ཚ་གྱང་སྦོམ་སྦེ་ལངམ་ཨིན་རུང་ སྨན་བཅོས་འདི་ཚུ་ གསོ་བའི་བསླབ་སྟོན་དང་འཁྲིལ་ཏེ་འབད་བ་ཅིན་ རང་གི་གཟུགས་ཁམས་དང་མི་ཚེ་ གཞན་ནད་འབུཔ་མ་ཐོབ་མི་ཚུ་དང་དབྱེ་བ་མེདཔ་སྦེ་ སྤུས་ཚད་དང་ལྡནམ་སྦེ་བཞག་ཚུགསཔ་ཨིན།
ཨེའི་ཨེའི་ཝི་གི་བརྟག་དཔྱད་དང་སྨན་བཅོས་ དུས་ཚོད་ཁར་འབད་བའི་ཁེ་ཕན།
དང་པ་ རང་གི་གཟུགས་ཁར་ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་ཤེས་ཚུགསཔ་མ་ཚད་ ནད་འབུཔ་འདི་ཐོབ་དང་འབུ་ནིའི་ ཉེན་ཁ་ཡོད་པའི་བྱ་བ་སྤྱོད་ལམ་ཚུ་མར་ཕབ་ཚུགསཔ་ཨིན།
- ཨེཆ་ཨའི་ཝི་དང་ གཞན་ལུས་འབྲེལ་ལས་བརྟན་པའི་ནད་གཞི་ཚུ་བརྟག་དཔྱད་འབད་ཚུགས་པ་ཅིན་ གཅེས་སྐྱོང་དང་སྨན་བཅོས་ཚུ་དུས་ཚོད་ཁར་འཐོབ་ཚུགསཔ་ཨིན།
- འོས་འབབ་ཅན་གྱི་སྨན་བཅོས་ཚུ་ དུས་ཚོད་ཁར་འབད་བ་ཅིན་ བཤམ༌ལུ༌འཁོད༌དེ༌ཡོད༌པའི༌གྲུབ༌འབྲས༌ཚུ༌ འབྱུང༌ཚུགསཔ༌ཨིན།
- ཁྱོད་རའི་གཟུགས་ཁར་ ནད་འབུཔ་ཨེཆ་ཨེའི་ཝི་གི་གྱངས་ཁ་ མར་ཕབ་འབད་ཚུགསཔ་ཨིན།
- གཟུགས་ཀྱི་ནད་བཀག་ནིའི་སྟོགས་ཤུགས་ ཡར་དྲག་བཏག་ཚུགསཔ་ཨིན།
- གཟུགས་ཁམས་སྒྲིང་སྒྲི་དང་ མི་ཚེ་ཡུན་རིངམོ་སྦེ་སྡོད་ཚུགས།
- རང་ལུ་ནད་འབུཔ་ཡོད་རུང་ གཞན་ལུ་སྤེལ་ནི་ལས་བཀག་ཚུགསཔ་ཨིན།
སྨན་བཅོས་ལེགས་ཤོམ་མ་འབད་བའི་ཉེན་ཁ།
- སྨན་བཅོས་ཀྱིས་ཕན་མི་ཐོགས།
- རང་ལུ་ནད་འབུཔ་ཡོད་པ་ཅིན་ ནད་འབུཔ་འདི་གཞན་ལུ་སྤེལ་ནིའི་ཉེན་ཁ་སྦོམ་ཡོད།
- སྨན་བཅོས་རིམ་ཐེངས་དང་པ་གིས་ ནད་འབུཔ་ཉམས་བཏང་མི་ཚུགས།
- སྨོན་བཅོས་རིམ་ཐེངས་གཉིས་པ་འགོ་བཙུགས་དགོ་པ་ཅིན་ ཟད་འགྲོ་མངམ་སྦེ་ཕོག་ནི་ཨིནམ་མ་ཚད་ སྨན་འདི་ཤུགས་ཚད་ཆེཝ་ལས་ རང་གི་གཟུགས་ལུ་གནོད་པ་རྐྱབ་ནིའི་ཉེན་ཁ་སྦོམ་ཡོདཔ་ཨིན།