༉ རྒྱལ་ཁབ་ནང་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་མ་ཚུགས་མི་འདི་ཡང་ ནད་གཞི་འདི་ལུ་ རྣམ་རྟོག་དང་ཕྱོགས་རིས་སྐྱེད་ནི་འདི་གིས་ཨིནམ་སྦེ་ གསལ་སྟོན་བྱུང་སྟེ་འདུག།
གསོ་བའི་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་དང་པ་ལས་ ༦་པ་ཚུན་ཚོད་ ཟླཝ་༦གི་ནང་འཁོད་ ནད་འབུཔ་ཨེཆ་ཨའི་ཝི་ ཐོབ་མི་༣༢ ངོས་འཛིན་འབད་དེ་སྦེ་འདུག
ཁོང་ཆ་ཁྱབ་ལུ་ ནད་འབུཔ་འདི་ཡང་ ལུས་འབྲེལ་འབད་བའི་སྐབས་ ཉེན་སྲུང་གི་ཐབས་ལམ་ཚུ་ ལག་ལེན་མ་འཐབ་ནི་འདི་གིས་ཨིནམ་སྦེ་མཐོང་ནུག
འདི་དང་གཅིག་ཁར་ སྤྱི་ལོ་༡༩༩༣ལས་ཚུར་ ད་ལྟོ་ཚུན་ཚོད་ རྒྱལ་ཁབ་ནང་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཐོབ་མི་གི་གྱངས་ཁ་འདི་ ༧༧༣གུར་ ལྷོད་དེ་ཡོདཔ་ཨིན་མས།
འཛམ་གླིང་སྤྱི་ཚོགས་ཀྱི་ ནད་འབུཔ་ཨེཆ་ཨའི་ཝི་གི་ ཕོག་ཚོད་དང་འཁྲིལ་པ་ཅིན་ འབྲུག་རྒྱལ་ཁབ་ནང་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཐོབ་མི་༡༣༠༠ཡོདཔ་སྦེ་ཨིན་མས།
འདི་འབདཝ་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཁབ་ནང་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཡོད་མི་ ༥༢༧འཚོལ་དགོཔ་ཡོདཔ་སྦེ་ཨིན་མས།
གསོ་བའི་ལྷན་ཁག་དང་འཁྲིལ་པ་ཅིན་ ནད་གཞི་འདི་གི་སྐོར་ལས་ གོ་བརྡ་ཚུ་སྤེལ་ཏེ་རང་ཡོད་རུང་ མི་ཚུ་གིས་ རྣམ་རྟོག་སྐྱེད་མི་དང་ ནད་གཞི་ཐོབ་མི་ཚུ་ལུ་ བརྙས་བཅོས་འབད་མི་འདི་གིས་ ནད་གཞི་རྩ་མེད་བཏང་ནི་ནང་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་སྦེ་བཤད་ཅི།
གསོ་བའི་ལྷན་ཁག་ནང་ལས་ གནས་ཚུལ་གསར་སྟོན་ཅིག་བཏང་མི་དང་འཁྲིལཝ་ད་ ནད་གཞི་འདི་ལུ་ རྣམ་རྟོག་སྐྱེད་མི་དང་ ཕྱོགས་རིས་ཕྱེ་མི་འདི་གིས་ དམིགས་བསལ་གྱིས་ ཕོ་དང་ཕོའི་བར་ན་ ལུས་འབྲེལ་འབད་མི་དང་ སྨད་ཚོང་རྐྱབ་མི་ དེ་ལས་ སྨྱོ་རྫས་ལག་ལེན་འཐབ་པའི་སྐབས་ ཁབ་ལག་ལེན་འཐབ་མི་ཚུ་ལུ་ ནད་འབུཔ་ཨེཆ་ཨའི་ཝི་བརྟག་དཔྱད་འབད་ནི་ནང་ སེམས་ཤུགས་ཉམས་བཅུག་འོང་ཟེར་བཀོད་དེ་འདུག
གསོ་བའི་ལྷན་ཁག་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ ནད་འབུཔ་ཨེཆ་ཨའི་ཝི་བརྟག་དཔྱད་འབད་ནི་གི་མཐུན་རྐྱེན་ཚུ་ རྒྱལ་ཁབ་ཀྱི་ གསོ་བའི་ལྟེ་བ་ག་རའི་ནང་ལུ་ཡོད་པའི་ཁར་ ཁྲོམ་གྱི་ས་གོ་༦གི་ནང་ལུ་ བརྡ་དོན་དང་ བརྟག་དཔྱད་འབད་ནི་གི་མཐུན་རྐྱེན་ཚུ་ཡང་ ཡོད་ཟེར་བཤད་ཅི།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་གསུང་མི་ནང་ ནད་འབུཔ་འདི་ལུ་ གདོང་ལེན་འབད་ནི་ནང་ ཆ་རོགས་འབད་ཐབས་ལུ་ འགན་ཁུར་ཁག་ཆེ་ཤོས་ར་ མི་ངོམ་རང་ར་སོ་སོ་ལུ་ ནད་འབུཔ་ཡོདཔ་མེདཔ་ བརྟག་དཔྱད་འབད་ནི་འདི་ཨིན་ཟེར་གསུང་ཡི།
འདི་དང་གཅིག་ཁར་ གསོ་བའི་ལྷན་ཁག་གི་ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཐོབ་མི་ མང་ཤོས་ཅིག་རང་ ལོ་༢༥ལས་༤༩གི་བར་ན་འབད་མི་ཚུ་ཨིནམ་སྦེ་བཀོད་དེ་འདུག
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།