ཨེཆ་ཨའི་ཝི་གི་གྱངས་ཁ་ཡར་སེང་ལུ་གདོང་ལེན།

རྩོམ་མི།: ཉི་མ་ དབང་འདུས། Jun 24, 2022

སྤྱི་ཟླ་དང་པ་དང་དྲུག་པའི་ནང་འཁོད་ ཨེཆ་ཨའི་ཝི་ནད་འབུཔ་ཐོབ་མི་གསརཔ་ ༤༠ (ཕོ་༡༩ དང་ མོ་༢༡) ངོས་འཛིན་བྱུང་ཡོདཔ་ཨིན་པས། དེ་ཡང་ ཟླཝ་དྲུག་གི་ནང་འཁོད་བདའ་ཟུན་ཡོད་མི་འདི་ གྱངས་ཁ་མཐོ་ཤོས་ཅིག་ཨིན་མས།

ང་བཅས་ཀྱི་ཨེཆ་ཨའི་ཝི་དང་ཨེཌསི་ དེ་ལས་ ནད་འབུཔ་དང་ནད་གཞི་སྤེལ་ཐངས་ཀྱི་སྐོར་ལེགས་ཤོམ་སྦེ་ཤེས་རུང་ ཉེན་སྲུང་མེད་པའི་ལུས་འབྲེལ་འདི་ ནད་འབུཔ་སྤེལ་ལམ་གཙོ་བོ་ཅིག་སྦེ་ཡོདཔ་ཨིན།

གསོ་བ་ལྷན་ཁག་གི་གནས་ཚུལ་གསལ་སྟོན་དང་འཁྲིལཝ་ད་ མི་ངོ་ ༡༣ དེ་གསོ་བའི་སྨན་བཅོས་ཀྱི་སྐབས་བདའ་ཟུན་ཡོདཔ་དང་ ༡༢ དེ་ འབྲེལ་ཡོད་འཚོལ་ཞིབ་ དེ་བཟུམ་སྦེ་ར་ ༡༠ དེ་ རང་སོའི་ཁས་བླངས་ཐོག་བསླབ་སྟོན་དང་བརྟག་དཔྱད་འབད་བའི་སྐབས་ དེ་ལས་ ༥ དེ་ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མུ་ཚུ་ ཨ་ལུ་མ་སྐྱེ་བའི་ཧེ་མ་བརྟག་དཔྱད་འབད་བའི་སྐབས་བདའ་ཟུན་ཏེ་ཡོདཔ་ཨིན་པས།

འབྲུག་ལུ་ ནད་འབུཔ་འདི་ འགོ་ཐོག་ སྤྱི་ལོ་༡༩༩༣ ལུ་ངོས་འཛིན་བྱུང་མི་ལས་ཚུར་ ད་ལྟོ་ཚུན་འབདཝ་ད་ ༨༣༥ ལུ་ལྷོད་དེ་ཡོདཔ་ཨིན་པས། ད་ལྟོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ནད་འབུཔ་ཐོབ་མི་ མི་ངོམ་༦༢༨ ཡོད་པའི་གྲལ་ལས་ ༦༠༨ དེ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ དེ་གིས་ སྨན་བཅོས་འདི་ ནད་འབུཔ་ཡོད་མི་ཡོངས་བསྡོམས་ལས་ བརྒྱ་ཆ་ ༩༧ ལུ་ཁྱབ་སྟེ་ཡོདཔ་ཨིན་པས།

ནད་འབུཔ་ཐོབ་མིའི་གྱངས་ཁ་འདི་ཡར་སེང་འགྱོཝ་ད་ ང་བཅས་ཀྱིས་འགན་ཁུར་འདི་ ཧེ་མ་ལས་ཡོད་མི་ཐབས་ལམ་དང་སྲིད་བྱུས་ཚུ་བསྐྱར་ཞིབ་འབད་ནི་དང་ གྲུབ་འབྲས་ཅན་གྱི་ཐབས་ལམ་ཚུ་བརྩམ་དགོཔ་འདི་གལ་ཆེ་བས།

གོ་རྟོགས་དང་ཤེས་ཡོན་ལས་རིམ་ཚུ་ནད་འབུཔ་བཀག་ཐབས་འབད་ནིའི་ཐབས་ལམ་ཅིག་འབད་ཡོད་རུང་ གསོ་བ་ལྷན་ཁག་གིས་འབད་བ་ཅིན་ སྐབས་ཐོག་ལུ་ཡོད་པའི་ཤེས་རྟོགས་ཀྱི་ཁྱད་པར་ བརྒྱ་དཔྱ་ལས་ ༣༥.༨ ཡོད་མི་འདི་ ཨེཆ་ཨའི་ཝི་བསླབ་སྟོན་དང་བརྟག་དཔྱད་ཀྱི་ལས་རིམ་ཚུ་ག་དེ་མང་མང་གོ་འདྲེན་འཐབ་སྟེ་མར་ཕབ་འབད་དགོཔ་འདུག་ཟེར་བཤདཔ་ཨིན་པས།

གལ་གནད་ཅན་གྱི་གོང་འཕེལ་གྱི་ལས་རིམ་སྦེ་ གསོ་བ་ལྷན་ཁག་གིས་ སྤྱི་ལོ་ ༢༠༢༥ ལས་ རྒྱལ་ཁབ་ནང་ ཨའི་ལས་ཨ་ལུ་ནད་འབུཔ་ཨེཆ་ཨའི་ཝི་སྤེལ་ནི་དང་ བསེམོ་ དེ་ལས་ མཆིན་ཚད་ མེདཔ་བཟོ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་གྲ་སྒྲིག་ངེས་བདེན་བཟོ་ཐབས་ལུ་ སྔ་གོང་འོས་མཐུན་གྱི་དབྱེ་ཞིབ་ཚུ་འབད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ཨེཌསི་མེད་པའི་མི་རབས་ཅིག་སྦེ་ འགྲུབ་དགོ་པ་ཅིན་ ཨ་ལོ་ཆགས་མི་ཨམ་སྲུ་ཚུ་གིས་ ཨིན་ཅི་མིན་ཅི་ ཨེཆ་ཨའི་ཝི་གི་བརྟག་དཔྱད་ ཚར་གཉིས་རེ་འབད་དགོཔ་དང་ ཨའི་ལས་ཨ་ལུ་ལུ་ནད་འབུཔ་དེ་མི་སྤེལ་ནི་དོན་ལུ་ ཨ་ལུ་ཨོམ་བྱིན་པའི་སྐབས་ ཉེན་ཁ་ཅན་གྱི་བྱ་སྤྱོད་ཚུ་ སྤང་དགོ་ཟེར་ཨིན་པས། ཡངན་ གསོ་བའི་འཕྲོད་བསྟེན་གེ་ར་དང་ རང་སྐྱོང་གི་མི་སྡེ་བརྟག་དཔྱད་ལྟེ་བ་ དམིགས་གསལ་གི་ ཁྲོམ་སྡེ་ལྟེ་བ་ཚུ་ནང་ ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་ལས་རིམ་ རྒྱ་བརྐྱེད་གཏང་ནི་འདི་ ཕན་ཐོགས་ཅན་གྱི་ཐབས་ཤེས་ཅིག་ཨིན་ཟེར་ཨིན་པས།

གནས་སྡུད་དང་འཁྲིལཝ་ད་ ནད་འབུཔ་ཨེཆ་ཨའི་ཝི་ཐོབ་མི་ཡོངས་བསྡོམས་ལས་ བརྒྱ་དཔྱ་ ༧༠ དེ་ དཔལ་འབྱོར་ལུ་ཐོན་སྐྱེད་ཆེ་བའི་མི་ངོ་ ལོ་ཚད་འབད་བ་ཅིན་ ༢༥ ལས་ ༤༩ ཨིནམ་ལས་ འདི་གིས་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ལུ་ཐོག་སྦོམ་སྦེ་ར་ཕོག་འོང་ཟེར་བཤདཔ་ཨིན་པས།

འདི་འབདཝ་ལས་ ཉེན་སྲུང་ཅན་གྱི་ལུས་འབྲེལ་འབད་ནི་དང་ མཚན་ཤུབས་ལག་ལེན་འཐབ་ནི་ཚུ་སྔར་ལས་ལྷག་སྟེ་ཡར་འཕར་གཏང་དགོཔ་ཨིན། ཨིན་རུང་ ད་ལྟོ་ཡང་ མི་སྡེ་ནང་མི་ཚུ་གིས་ནད་འབུཔ་ཡོད་མི་ཚུ་ལུ་ཞན་མདོག་བལྟ་ནི་འདི་གདོང་ལེན་ཅན་ཅིག་སྦེ་ར་ཡོདཔ་ཨིན། རྒྱུ་མཚན་དེ་ལུ་བརྟེན་ ཨེཆ་ཨའི་ཝི་དང་ཨེཌསི་བཀག་འཛིན་འབད་ནི་ལུ་ ཡུན་བརྟན་གྱི་ཐབས་ཤེས་གསརཔ་ཚུ་དགོཔ་ཁག་ཆེ།

འབྲེལ་བ་ཡོད་པའི་རྩོམ་བྲིས།