འདས་པའི་ཟླཝ་དྲུག་གི་ནང་འཁོད་ ཨེཆ་ཨའི་ཝི་ཐོབ་མི་ ༣༢ ཡོད་ས་ལས་ ༣ དེ་ ཆོས་སྡེ་ཁག་གི་མི་ངོམ་དང་ ༡༡ དེ་ཁྱིམ་ནང་སྡོད་མི་ཨམ་སྲུ་ དེ་ལས་ སྒེར་སྡེ་དང་ཚོང་སྡེ་ དད་གཡོགཔ་དང་སོ་ནམ་པ་ཚུའི་གྲལ་ལས་ ལྔ་རེ་ཡོདཔ་ཨིན་པས། འདི་བཟུམ་སྦེ་ར་ བཙོན་པ་གཅིག་དང་ ལཱ་གཡོག་མེད་པའི་ན་གཞོན་གཉིས་ཡང་ནད་འབུཔ་དེ་ཐོབ་སྟེ་ཡོདཔ་སྦེ་ཨིན་པས།
ནད་འབུཔ་ཐོབ་མི་ཡོངས་བསྡོམས་ལས་ ༡༧ དེ་ ལོ་ཚད་ ༢༥ ལས་ ༤༩ འབད་མི་ཨིནམ་དང་ ༨ དེ་ ལོ་ཚད་ ༥༠ ཡན་ཆད་འབད་མི་ཨིན་པས།
འདས་པའི་ལོ་ལྔའི་ནང་འཁོད་ མོ་ངོམ་ ༣༣ ལུ་ནད་འབུཔ་ཨེཆ་ཨའི་ཝི་ཐོབ་སྟེ་ཡོདཔ་དང་ དཔྱ་སྙོམས་འབད་བ་ཅིན་ ཟླཝ་རེ་ནང་ ཨེཆ་ཨའི་ཝི་ཐོབ་མི་ མོ་ངོ་ ༦ གི་རྩིས་ཨིན་པས།
གསོ་བ་ལྷན་ཁག་འོག་གི་ རྒྱལ་ཡོངས་ཨེཆ་ཨའི་ཝི་དང་ཨེཌསི་ དེ་ལས་ ལུས་འབྲེལ་ལས་བརྟེན་པའི་ནད་གཞི་བཀག་འཛིན་ལས་རིམ་གྱི་ གནས་སྡུད་དང་འཁྲིལ་བ་ཅིན་ ནད་འབུཔ་གསརཔ་ཐོབ་མི་ནང་ ཕོ་སྐྱེས་ ༡༧ དང་ ཨམ་སྲུ་ ༡༥ ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ནད་འབུཔ་གསརཔ་ཐོབ་མི་ཚུའི་རྒྱུ་རྐྱེན་གཙོ་བོ་ར་ ཉེན་སྲུང་མེད་པའི་ལུས་འབྲེལ་ལས་བརྟེན་ཨིན་པས་ཟེར་བཤདཔ་ཨིན་པས། ཨིན་རུང་ ཨའི་ལས་ཨ་ལུ་ལུ་སྤེལ་ཡོད་མི་གཅིག་ཡང་མེདཔ་ཨིན་པས།
ཁོང་ནད་འབུཔ་གསརཔ་ཐོབ་མི་ཚུའི་གྲལ་ལས་ ༡༥ དེ་ རང་སོའི་ཁས་བླངས་ཀྱི་ཐོག་བསླབ་སྟོན་དང་བརྟག་དཔྱད་འབད་བའི་སྐབས་བདའ་ཟུན་ཡོདཔ་དང་ ༥ དེ་ ཨམ་སྲུ་ཨ་ལུ་མ་སྐྱེས་བའི་ཧེ་མ་བརྟག་དཔྱད་ཀྱི་སྐབས་དང་འབྲེལ་ཡོད་འཚོལ་ཞིབ་འབད་བའི་སྐབས་ དེ་བཟུམ་སྦེ་ར་ ༦ དེ་ གསོ་བའི་བརྟག་དཔྱད་ དང ༡ འདི་ ཁྲག་བྱིན་གྱི་བརྟག་དཔྱད་འབད་བའི་སྐབས་བདའ་ཟུན་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ཨེཆ་ཨའི་ཝི་བཀག་འཛིན་འབད་བའི་སྐབས་གདོང་ལེན་གཙོ་བོ་ར་ ཤེས་རྟོགས་ཀྱི་ཁྱད་པར་འདི་ཨིན་ཟེར་བཤདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ཀྱི་ཤེས་རྟོགས་ཁྱད་པར་འདི་ བརྒྱ་དཔྱ་ལས་ ༤༠.༥ ཡོདཔ་ཨིན་པས། གསོ་བ་ལྷན་ཁག་གིས་ སྤྱི་ལོ་ ༡༩༩༣ ལས་ ད་ལྟོ་ཚུན་ ནད་འབུཔ་ཨེཆ་ཨའི་ཝི་ཐོབ་མི་ ༧༧༣ བདའ་ཟུན་ཡོདཔ་དང་ དེ་ཡང་ ཕོ་སྐྱེས་ ༤༠༡ དང་ ཨམ་སྲུ་ ༣༧༢ ཨིན་པས།
UNAIDS དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ནད་འབུཔ་ཐོབ་མི་ ༡༣༠༠ ཡོད་ཟེར་ཨིནམ་དང་ ༥༢༧ དེ་ཤེས་རྟོགས་བྱུང་མ་ཚུགས་མི་ཚུ་ཨིན་ཟེར་བཤདཔ་ཨིན་མས། འགོ་དཔོན་གཅིག་དང་འཁྲིལ་བ་ཅིན་ ཤེས་རྟོགས་ཀྱི་ཁྱད་པར་ཕབ་ནིའི་ལཱ་ཚུ་བརྩོན་ཤུགས་བསྐྱེད་དེ་འབད་བའི་བསྒང་ཡོད་རུང་ ཡར་རྒྱས་ཀྱི་མགྱོགས་ཚད་འདི་ཉུང་སུ་ཅིག་སྦེ་ཡོད་ཟེར་བཤདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ཤེས་རྟོགས་མ་བྱུང་མི་ ༥༩༩ ཡོདཔ་ལས་ ཤེས་རྟོགས་ཀྱི་ཁྱད་པར་འདི་ བརྒྱ་དཔྱ་ལས་ ༤༣ ལུ་ལྷོད་དེ་ཡོདཔ་ཨིན་པས།
ཤེས་རྟོགས་ཀྱི་ཁྱད་པར་འདི་ མར་ཕབ་འབད་ནིའི་དོན་ལུ་ ན་ཧིང་གསོ་བ་ལྷན་ཁག་གིས་ རང་གི་རང་ལུ་ནད་འབུཔ་དེ་ཡོད་མེད་བརྟག་དཔྱད་འབད་ནིའི་ལས་རིམ་ཅིག་གསར་བཏོད་ཡོདཔ་དང་ དེ་ཡང་ ད་རིས་ཀྱི་ཟླཝ་ལས་ གཙོ་རིམ་ཅན་གྱི་རྫོང་ཁག་ ཐིམ་ཕུག་ སྤ་རོ་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དང་ བསམ་རྩེ་ཚུ་ནང་འགོ་བཙུགས་ནི་ཨིན་པས། ལས་རིམ་འདི་ རྒྱལ་སྤྱི་མ་གངུལ་དང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན།
གསོ་བ་བློན་པོ་གིས་གསུངས་མི་ནང་ ལས་རིམ་འདི་ རྒྱལ་ཁབ་ནང་ཧེ་མ་ལས་ཡོད་པའི་ ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་མཐུན་རྐྱེན་ཚུ་གི་ཁ་སྐོང་སྦེ་བྱིན་ཏེ་ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལས་རིམ་འདི་ལས་བརྟེན་ ཧེ་མ་ཞབས་ཏོག་སྤྱོད་མ་ཚུགས་མི་དང་ ཉེན་ཅན་གྱི་མོ་ངོམ་ཚུ་གིས་ ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་ཞབས་ཏོག་འདི་ འཇམ་ཏོག་ཏོ་སྦེ་འཐོབ་ཚུགས་ཟེར་བཤདཔ་ཨིན་པས།
དེ་བཟུམ་སྦེ་ར་ བློན་པོ་གིས་གསུངས་མི་ནང་ རྒྱལ་ཁབ་ནང་གསོ་བའི་ཞབས་ཏོག་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ ད་ཚུན་ཨེཆ་ཨའི་ཝི་གི་རིམས་ནད་དང་ ནད་ཡམས་ཀོ་ཝིཌ་ ༡༩ ལས་བརྟེན་པའི་ཉམས་མྱོང་ཚུ་ལག་ལེན་འཐབ་འོང་ཟེར་བཤདཔ་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་མདོ་ཆེན་ལས་ཚབ་ རིན་འཛིན་རྒྱ་མཚོ་གིས་སླབ་མི་ནང་ ལྷན་ཁག་གིས་ ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་ལས་རིམ་ཚུ་ སྔར་ལས་ལྷག་སྟེ་ རྒྱ་བསྐྱེད་བཏང་སྟེ་ཡོད་ཟེར་བཤདཔ་ཨིནམ་དང་ རྒྱལ་ཁབ་ནང་ཡོད་མི་ སྒེར་གྱི་གསོ་བའི་སྨན་ཁང་བརྩིས་ཏེ་ གསོ་བའི་ལྟེ་བ་ག་ར་ནང་ནད་འབུཔ་བརྟག་དཔྱད་ཀྱི་ཞབས་ཏོག་འདི་ཁྱབ་སྟེ་ཡོད་ཟེར་བཤདཔ་ཨིན་པས།
གནས་སྡུད་དང་འཁྲིལཝ་ད་ ནད་འབུཔ་ཐོབ་མི་ཡོངས་བསྡོམས་ལས་ བརྒྱ་དཔྱ་ ༧༠ དེ་ ལོ་ཚད་ ༢༥ ལས་ ༤༩ ཨིནམ་དང་ དེ་ཡང་ དཔལ་འབྱོར་ལུ་ཐོན་སྐྱེད་ཆེ་བའི་མི་ངོམ་ཚུ་ཨིན་པས།
ནད་འབུཔ་ཐོབ་མི་ཡོངས་བསྡོམས་ལས་ བརྒྱ་དཔྱ་ ༩༣.༣ དེ་ ཕོ་མོ་ལུས་འབྲེལ་ལས་བརྟེན་ཐོབ་མི་ཨིནམ་དང་ བརྒྱ་དཔྱ་ ༥ དེ་ ཨའི་ལས་ཨ་ལུ་ལུ་སྤེལ་མི་ དེ་ལས་ བརྒྱ་དཔྱ་ ༠.༨ དེ་ སྨྱོ་རྫས་ཀྱི་སྨན་ཁབ་རྐྱབ་སྟེ་ཐོབ་མི་ཚུ་ཨིན་པས།
སྤྱི་ལོ་ ༢༠༢༠ གི་ལོ་ནང་ར་ ཨེཆ་ཨའི་ནད་འབུཔ་ཐོབ་མི་ཡོངས་བསྡོམས་ ༥༤ བདའ་ཟུན་ཏེ་ཡོདཔ་ཨིན་པས།
དཔེ་སྐྲུན་པ: https://kuenselonline.com/bhutan-records-22-new-hiv-cases-in-past-five-months/
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།