རྒྱལ་ཁབ་ནང་ལས་ནད་འབུཔ་ཨེཆ་ཨའི་ཝི་རྩ་མེད་གཏང་ནི་ལུ་གྲ་སྒྲིག་ཚུད་ཡོདཔ།

རྩོམ་མི།: ཉི་མ་ དབང་འདུས། Jun 24, 2022

སྤྱི་ལོ་ ༢༠༣༠ ལས་ རྒྱལ་ཁབ་ནང་ཨེཆ་ཨའི་ཝི་གི་རིམས་ནད་མེདཔ་བཟོ་ནིའི་ རྒྱལ་ཡོངས་དམིགས་ཡུལ་གྲུབ་ནི་ལུ་ གྲ་སྒྲིག་ཚུད་དེ་ཡོདཔ་ཨིན་མས།

ང་བཅས་རའི་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམིགས་ཡུལ་འདི་ ༩༥-༡༠༠-༩༥ ལུ་བཞག་ཡོདཔ་དང་ དེ་ཡང་ UNAIDS གི་དམིགས་ཡུལ་ལས་ དུམ་གྲ་ཅིག་གིས་སོ་སོ་ཡོདཔ་ཨིན་པས། དེ་ཡང་ UNAIDS གི་དམིགས་ཡུལ་ ༩༥-༩༥-༩༥ དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱིས་ ཨེཆ་ཨི་ཝི་ནད་འབུཔ་ཐོབ་མིའི་ཚོད་རྩིས་སྟོན་ཡོད་མི་ལས་ བརྒྱ་དཔྱ་ ༩༥ ངོས་འཛིན་འབད་ནི་དང་ དེ་ཚུ་ག་ར་ལུ་སྨན་བཅོས་བྱིན་ནི་ དེ་བཟུམ་སྦེ་ར་ ནད་འབུཔ་མར་གནོན་གྱི་ཚད་ བརྒྱ་དཔྱ་ ༩༥ འགྲུབ་དགོཔ་སྦེ་ཡོདཔ་ཨིན་པས།

ཨིན་རུང་འབྲུག་རྒྱལ་ཁབ་ཀྱི་དམིགས་ཡུལ་འདི་ ཨེཆ་ཨའི་ཝི་ཐོབ་མིའི་ཚོད་རྩིས་ ༡༣༠༠ ཡོད་ས་ལས་ བརྒྱ་དཔྱ་ ༩༥ ངོས་འཛིན་འབད་ནི་དང་ ནད་འབུཔ་ཡོད་མི་ནདཔ་ག་ར་ལུ་སྨན་བཅོས་བྱིན་ནི་ དེ་ལས་ ནད་འབུཔ་མར་གནོན་གྱི་ཚད་འདི་ བརྒྱ་དཔྱ་ ༩༥ འགྲུབ་དགོཔ་ཨིན་པས།

གནད་དོན་འདི་ སྤྱ་ཟླ་ ༦ པའི་ཚེས་༧ ལུ་ ཐིམ་ཕུག་ལུ་འབད་ཚོགས་ཡོད་མི་ ཨེ་ཤི་ཡ་ནང་གལ་གནད་ཅན་གྱི་མི་རློབས་ཚུའི་དོན་ལུ་ ཨེཆ་ཨའི་ཝི་གི་ཡུན་བརྟན་ཞབས་ཏོག་གི་ འགྲེམ་སྟོན་གྲོས་འཛོམས་ཀྱི་སྐབས་ལུ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

དེ་བསྒང་ འབྲེལ་ཡོད་མཉམ་འབྲེལ་པ་ གསོ་བ་ལྷན་ཁག་གི་ རྒྱལ་ཡོངས་ཨེཆ་ཨའི་ཝི་དང་ཨེཌསི་ དེ་ལས་ ལུས་འབྲེལ་ལས་བརྟེན་པའི་ནད་གཞི་བཀག་འཛིན་ལས་རིམ་དང་ Pride Bhutan ལྷག་བསམ་ གཅིག་མཐུན་ཕན་བདེའི་ཚོགས་པ་ Queer Voices of Bhutan ཚུ་གིས་ ཁོ་རའི་གྲུབ་འབྲས་དང་ ལས་སྣ་གི་གོང་འཕེལ་ཚུ་སྤྱན་ཞུ་འབད་ཡོདཔ་ཨིན།

ཞལ་འཛོམས་ནང་བཅའ་མར་གཏོགས་མི་ འགོ་དཔོན་ཚུ་གིས་བཤད་མི་ནང་ ད་ཚུན་ འབྲུག་ལུ་མི་ངོམ་༧༩༥ ལུ་ ནད་འབུཔ་ཡོདཔ་ཨིནམ་ད་ ཚོད་དཔག་གི་གྱངས་ཁ་ ༡༣༠༠ ཡོད་པའི་ནང་ལས་ བརྒྱ་ཆ་༣༩ འདི་ཤེས་རྟོགས་ཀྱི་ཁྱད་པར་ཨིན་ཟེར་ཨིན་མས། ཁོ་གིས་སླབ་མི་ནང་ རྒྱལ་ཁབ་ནང་ ནད་འབུཔ་ཡོད་མི་ཚུ་མང་སུ་སྦེ་ངོས་འཛིན་འབད་འགྱོཝ་ད་ ཤེས་རྟོགས་ཀྱི་ཁྱད་པར་འདི་མར་ཕབ་འགྱོ་འོང་ཟེར་ཨིན་པས།

རྒྱལ་ཡོངས་ཨེཆ་ཨའི་ཝི་དང་ཨེཌསི་ དེ་ལས་ ལུས་འབྲེལ་ལས་བརྟེན་པའི་ནད་གཞི་བཀག་འཛིན་ལས་རིམ་གྱི་འཛིན་སྐྱོང་པ་ ལས་སྐྱིད་མཁའ་འགྲོ་གིས་སླབ་མི་ནང་ རྒྱལ་ཡོངས་དམིགས་ཡུལ་གྱི་ཆ་ཤས་གསུམ་ཡོད་ས་ལས་ དམིགས་ཡུལ་དང་པ་ རྒྱལ་ཁབ་ནང་ནད་འབུཔ་ཐོབ་མིའི་གྱངས་ཁ་ཡོངས་བསྡོམས་ཀྱི་ཚོད་རྩིས་དཔག་མི་ལས་ བརྒྱ་དཔྱ་ ༩༥ ངོས་འཛིན་འབད་ནི་ནང་གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས། ཨིན་རུང་ དམིགས་ཡུལ་གྱི་ཆ་ཤས་ གཉིས་པ་དང་ གསུམ་པ་གི་ཐད་ལེགས་ཤོམ་འགྱོ་བའི་ཁར་ སྨན་བཅོས་ཀྱི་ཁྱབ་ཚད་ཡང་ བརྒྱ་དཔྱ་ ༩༧ ལྷོད་ཡོདཔ་དང་ ནད་འབུཔ་མར་གནོན་གྱི་ཚད་འདི་ བརྒྱ་དཔྱ་ ༩༥ ལུ་ཡོདཔ་ཨིན་ཟེར་བཤདཔ་ཨིན་པས།

ཁོ་དང་འཁྲིལ་བ་ཅིན་ “Treat all” ཟེར་མི་ སྲིད་བྱུས་བརྩམས་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་ཀྱིས་ ནད་བདའ་ཟུན་ཡོད་མི་ཚུ་ སྨན་བཅོས་འབད་ནི་ནང་ དམིགས་ཡུལ་བཞག་ཚུགས་ཅི་ཟེར་ཨིནམ་ད་ ནད་འབུཔ་ཡོད་པའི་མི་ངོམ་ག་ཨིན་རུང་ cd4 གྱངས་ཁ་གི་ཁྱད་པར་མེད་པར་ སྨན་བཅོས་འབད་འོང་ཟེར་ཨིན་པས།

ཁོ་གིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ སྨན་བཅོས་ཀྱི་དོན་ལུ་ cd4 གྱངས་ཁ་གི་ཚད་གཞི་ཅིག་ཡོད་ཟེར་ཨིན་པས། དེ་ཡང་ དུས་དང་དུས་སུ་ ༢༠༠ ལས་ ༣༠༠ དེ་ལས་ ༥༠༠ ལུ་ཡར་སེང་འགྱོ་ཡི་ཟེར་ཨིན་པས། ཨིན་རུང་ ད་ལྟོ་ འདི་བཟུམ་གྱི་ཚད་གཞི་མེདཔ་མ་ཚད་ མི་ངོ་ག་ར་ཨིན་རུང་ ནད་འབུཔ་འདི་ཡོདཔ་སྦེ་བདའ་ཟུན་པའི་དུས་ལས་ར་ སྨན་བཅོས་ཚུ་བྱིན་དོ་ཟེར་ཨིན་པས།

ལས་སྐྱིད་མཁའ་འགྲོ་གིས་ ‘Treat All’ སྲིད་བྱུས་གི་མཐར་ཐུག་གི་དམིགས་གཏད་ཟེར་རུང་ སྨན་བཅོས་འདི་སྔོན་འགོག་གི་ཐབས་ལམ་སྦེ་བཟོ་ཐབས་འདི་ཨིན་ཟེར་བཤདཔ་ཨིན་པས།

ཁོ་གིས་སླབ་མི་ནང་ གལ་སྲིད་མི་འདི་ ནད་འབུཔ་ལས་བརྟེན་ སྨན་བཅོས་འབད་བའི་སྐབས་ ཨེཆ་ཨའི་ཝི་ནད་འབུཔ་གི་གྱངས་ཁ་འདི་ ༡༠༠༠ ལས་ཉུངམ་ཡོདཔ་ཨིན་པ་ཅིན་ ཁོང་གིས་ནད་འབུཔ་མར་གནོན་འགྲུབ་ཡོདཔ་ཨིན་ཟེར་ཨིན་པས།

ལྷག་པར་དུ་ འདི་གིས་ཁོང་རའི་མི་ཚེའི་གནས་སྟངས་ཡར་རྒྱས་གཏང་ནི་ལུ་ཕན་ཐོགས་ཡོདཔ་དང་ ནད་འབུཔ་མེད་མི་གཞན་ཚུ་བཟུམ་སྦེ་མི་ཚེ་རིངམོ་སྦེ་སྡོད་ཚུགསཔ་མ་ཚད་ མཚན་ཤུབས་ལག་ལེན་མ་འཐབ་རུང་ ནད་འབུཔ་གཞན་ལུ་མི་སྤེལ་ཟེར་བཤདཔ་ཨིན་པས།

དེ་གུ་ ལས་སྐྱིད་མཁའ་འགྲོ་གི་སླབ་མི་ནང་ ཁོང་གིས་ཁྱད་པར་ཅན་གྱི་ཨེཆ་ཨའི་ཝི་བརྟག་དཔྱད་ཞབས་ཏོག་ཚུ་བསྟར་སྤྱོད་འབད་ནིའི་དཔའ་བཅམ་དོ་ཟེར་ཨིནམ་དང་ དེ་ཡང་ སྔར་ཡོད་པའི་བརྟག་དཔྱད་ཞབས་ཏོག་ཚུ་རྩ་བརྟན་བཟོ་ནི་ཨིན་ཟེར་བཤད་ཅི། དེ་མ་ཚད་ ནད་འབུབཔ་ཐོབ་མི་ཚུ་ངོས་འཛིན་འབད་ཐབས་ལུ་ འགྲུལ་སྐྱོད་བརྟག་དཔྱད་ཞབས་ཏོག་དང་ མི་སྡེ་བརྟག་དཔྱད་ཞབས་ཏོག་ དེ་ལས་ དམིགས་གཏད་ཅན་གྱི་ཐག་རིང་མི་སེར་ཞབས་ཏོག་ཚུ་ཡང་འགོ་བཙུགས་སྟེ་ཡོད་ཟེར་ཨིན་པས།

མི་མང་གསོ་བའི་ལས་ཁུངས་ཀྱི་ མདོ་ཆེན་ལས་ཚབ་ རིན་འཛིན་རྒྱ་མཚོ་གིས་བཤད་མི་ནང་ རྒྱལ་ཁབ་ཀྱིས་དམིགས་ཡུལ་འགྲུབ་ནི་དོན་ལུ་ ཕྱག་ལཱ་ཚུ་རྩ་འགེངས་ཏེ་ར་འབད་ཡི་ཟེར་ཨིནམ་ད་ ད་རུང་ རྩ་འགེངས་དགོཔ་ཡོད་ཟེར་ཨིན་མས།

ཁོ་གིས་སླབ་མི་ནང་ ཞན་མདོག་བལྟ་མི་དང་རྣམ་རྟོག་བསྐྱེད་མི་འདི་ འཕྲལ་མགྱོགས་ར་བསལ་དགོ་པའི་གདོང་ལེན་ངོ་མ་ཅིག་ཨིན་ཟེར་བཤདཔ་ཨིན་པས། དེ་མ་ཚད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཀོ་ཝིཌ་ ༡༩ གདོང་ལེན་འབད་དོ་བཟུམ་སྦེ་ལཱ་ཚུ་ཐབས་ཤེས་ཐོག་ལས་འབད་བ་ཅིན་ ནད་གཞི་ག་ཅི་བཟུམ་ཨིན་རུང་གདོང་ལེན་འབད་ཚུགས་ཟེར་ཨིན་པས།

རྒྱལ་ཡོངས་ཨེཆ་ཨའི་ཝི་དང་ཨེཌསི་ དེ་ལས་ ལུས་འབྲེལ་ལས་བརྟེན་པའི་ནད་གཞི་བཀག་འཛིན་ལས་རིམ་དང་ Save the Children གིས་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན་པས། དེའི་སྐབས་ Save the Children གི་གསོ་བའི་ལས་རིམ་འཛིན་སྐྱོང་པ་གོངམ་ བཀྲིས་དོན་གྲུབ་ཀྱིས་སླབ་མི་ནང་ ཨེ་ཤི་ཡ་ནང་གལ་གནད་ཅན་གྱི་མི་རློབས་ཚུའི་དོན་ལུ་ ཨེཆ་ཨའི་ཝི་གི་ཡུན་བརྟན་ཞབས་ཏོག་གི་ལས་རིམ་འདི་གིས་ སྤྱི་ལོ་ ༢༠༣༠ ལས་ ཨེཆ་ཨའི་ཝི་སྤེལ་ནི་དང་ ཨེཌསི་ལས་བརྟེན་པའི་ཤི་རྐྱེན་བཀག་ཐབས་འབད་ནི་ལུ་ གལ་གནད་ཅན་གྱི་མི་རློབས་ཚུ་ལུ་ ཡུན་བརྟན་གྱི་ཨེཆ་ཨའི་ཝི་དང་གཞན་འབྲེལ་ཡོད་ཀྱི་ཞབས་ཏོག་བྱིན་ནི་དང་གོང་འཕེལ་གཏང་ནི་ལུ་བརྩོན་ཤུགས་བསྐྱེདཔ་མས་ཟེར་ཨིན་པས།

ཁོ་གིས་སླབ་མི་ནང་ ཨེ་ཤི་ཡ་ནང་གལ་གནད་ཅན་གྱི་མི་རློབས་ཚུའི་དོན་ལུ་ ཨེཆ་ཨའི་ཝི་གི་ཡུན་བརྟན་ཞབས་ཏོག་གི་ལས་རིམ་ལུ་བརྟེན་ ཁོང་གིས་འབྲེལ་ཡོད་མཉམ་འབྲེལ་པ་ཚུ་དང་གཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ ལག་ལེན་ཅན་གྱི་རྒྱབ་སྐྱོར་དང་རོགས་རམ་ཚུ་བྱིན་ཐོག་ལས་ གལ་གནད་ཅན་གྱི་མི་རློབས་འཐུས་མི་ཚུ་ལུ་ ཡུན་བརྟན་གྱི་ཨེཆ་ཨའི་ཝི་ཞབས་ཏོག་དང་ དེ་དང་འབྲེལ་བའི་ འཕྲོད་བསྟེན་ཞབས་ཏོག་སྤྱོད་ནིའི་གོ་སྐབས་ཚུ་ ངེས་བརྟན་འཐོབ་ཚུགསཔ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་ཟེར་ཨིན་པས།

འབྲེལ་བ་ཡོད་པའི་རྩོམ་བྲིས།