འདས་པའི་ཟླཝ་༦ ནང་ ཨེཆ་ཨའེ་བི་ནད་འབུཔ་ཐོབ་མི་གསརཔ་༤༠ བདའ་ཟུན་ཡོདཔ།

རྩོམ་མི།: བཀྲིས་བསྟན་འཛིན། Jun 24, 2022

འདས་པའི་ཟླཝ་༦ ནང་ གསོ་བ་ལྷན་ཁག་གིས་ ནད་གཞི་ཨེཌསི་གི་རྒྱུ་ཨེཆ་ཨའེ་བི་ནད་འབུཔ་ཐོབ་མི་གསརཔ་ ཨམ་སྲུ་ ༢༡ དང་ ཕོ་སྐྱེས་༡༩ འབདཝ་ད་ ངོ་རྐྱང་༤༠ བདའ་ཟུན་ཡོདཔ་ཨིན་པས། གསོ་བ་ལྷན་ཁག་དང་འཁྲིལཝ་ད་ ཟླཝ་༦ གི་ནང་འཁོད་ སྙན་ཞུ་གསལ་སྟོན་འབད་མི་དང་ཕྱདཔ་ད་ ད་རེས་ ནད་འབུཔ་ཐོབ་མི་ བདའ་ཟུན་མི་དེ་ མཐོ་ཤོས་ཨིན་ཟེར་བཀོད་ནུག།

ནད་འབུཔ་ཐོབ་མི་གསརཔ་༤༠ འི་གྲས་ལས་ སྐྱེས་ལོ་༢༥ དང་༤༩ བར་ན་འབད་མི་ བརྒྱ་ཆ་༧༠ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ བརྒྱ་ཆ་༢༠ དེ་ སྐྱེས་ལོ་ ༥༠ ཡན་ཆད་དང་ བརྒྱ་ཆ་༥ དེ་ སྐྱེས་ལོ་༢༠-༢༤ བར་ན་འབད་མི་ཚུ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་ ༥ དེ་ སྐྱེས་ལོ་ ༥ མན་ཆད་འབད་མི་ཨིན་པས། ནད་འབུཔ་ཐོབ་མི་༡༣ དེ་ གསོ་བའི་བརྟག་ཞིབ་འབད་བའི་སྐབས་ བདའ་ཟུན་ཡོདཔ་ད་ མི་ ༡༢ དེ་ ཧེ་མ་ལས་ ནད་འབུཔ་ཐོབ་ཡོད་མི་དང་གཅིག་ཁར་ འབྲེལ་བ་ཡོད་མི་ དེ་ལས་༡༠ དེ་ ཁས་བླངས་ཐོག་ལས་ སྨང་ཁང་ནང་ བརྟག་དཔྱད་འབད་བར་འོང་མི་ཚུ་ཨིནམ་ད་ ནད་འབུཔ་ཐོབ་མི་ ༥ ཨ་ལོ་ཆགས་ཏེ་ཡོད་མི་ཚུ་ ཞབས་ཏོག་ལེན་པར་ འོང་པའི་སྐབས་ བདའ་ཟུན་ཡོདཔ་ཨིན་པས།

ནད་གཞི་ཐོབ་མི་ཚུ་གི་གྲས་ལས་ ༣༨ ཀྱིས་ བཀག་ཐབས་ཀྱི་ ཐབས་ལམ་ཚུ་ ལག་ལེན་མ་འཐབ་པར་ ལུས་འབྲེལ་འབད་མི་ལས་ ཐོབ་ཡོདཔ་ད་ ༢ དེ་ ཨ་ལོ་སྐྱེ་ནི་སྦེ་ སྡོད་པའི་སྐབས་དང་ ཡང་ཅིན་ ཨ་ལོ་ཆགས་ཚར་བའི་དུས་ཚོད་ ཡང་ཅིན་ ཨ་ལོ་ལུ་ཨོམ་བྱིན་པའི་སྐབས་ ཐོབ་ཐོབ་འོང་ནི་མས་ཟེར་བཀོད་ནུག། དེ་ཡང་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ལུ་ ནད་གཞི་དེ་ཡོད་མེད་དོན་ལུ་ ལན་ཐེངས་གཅིག་ལས་ བརྟག་དཔྱད་འབད་ནི་མེདཔ་ལས་ ཨ་ལོ་ཆགས་ཏེ་ སྡོད་པའི་སྐབས་ལུ་ཡང་ འཐོབ་སྲིད་ནི་ཨིནམ་ད་ བརྟག་དཔྱད་ཐེངས་༢ འབད་དགོ་པའི་ སྲིད་བྱུས་དེ་ སྤྱི་ལོ་༢༠༡༨ ལས་རྐྱངམ་གཅིག་ ཨའི་ལས་ཨ་ལོ་ལུ་ ནད་འབུཔ་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་དམིགས་ཏེ་ བརྟག་དཔྱད་འགོ་བཙུགས་ཡོདཔ་ཨིན་པས།

སྤྱི་ལོ་༡༩༩༣ ལས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ ཨེཆ་ཨའེ་བི་ཐོབ་མི་ ཨམ་སྲུ་ ༤༠༢ དང་ ཕོ་སྐྱེས་ ༤༣༣ འབདཝ་ད་ བསྡོམས་ཀྱིས་ མི་གྲངས་༨༣༥ ཡོདཔ་ད་ སྤྱི་ལོ་ ༡༩༩༣ ལས་ ༢༠༠༠ གི་བར་ན་ ནད་འབུཔ་ཐོབ་མི་ འཕྲལ་འཕྲལ་སྦེ་ར་ ཐོན་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༠༠ ལས་ ༢༠༡༣ གྱི་བར་ན་ ནད་འབུཔ་ཐོབ་མི་ ༩ ལས་ ༥༡ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ ཐོན་ཏེ་ར་སྡོད་ཡོདཔ་ལས་ ལོ་བསྟར་བཞིན་དུ་ མི་ ༤༩ ལས་ ༥༨ ཀྱི་བར་ན་ ནད་འབུཔ་ཐོབ་མི་ བདའ་ཟུན་ཏེ་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གིས་ སྤྱི་ལོ་ ༢༠༢༥ ལས་ འབྲུག་རྒྱལ་ཁབ་ནང་ ཨེཆ་ཨའེ་ཝི་ནད་འབུཔ་དེ་ ཨའི་ལས་ཨ་ལོ་ལུ་སྤེལ་ནི་དང་ མཆིན་ནད་བི་ཚུ་ རྒྱལ་ཁབ་ནང་ལས་ར་མེདཔ་བཟོ་ནི་ལུ་ གྲ་སྒྲིག་ཡོད་མེད་ཀྱི་ དབྱེ་ཞིབ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

མི་མང་གསོ་བའི་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ རིག་འཛིན་རྒྱ་མཚོ་གིས་བཀོད་མི་ནང་ ལྷན་ཁག་གིས་ནད་འབུཔ་དེ་ ཧེ་མ་དང་མ་འདྲཝ་སྦེ་ བརྟག་དཔྱད་འབད་ནིའི་ལམ་ལུགས་འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་ནང་འཁོད་ཀྱི་ གསོ་བའི་ཞབས་ཏོག་ལྟེ་བ་ག་ར་ནང་ བརྟག་དཔྱད་འབད་ནིའི་མཐུན་རྐྱེན་ཚུ་ཡོད་ཟེར་ བཤདཔ་ཨིན་པས། མདོ་ཆེན་ངོ་ཚབ་ཀྱིས་འབད་བ་ཅིན་ མི་ཚུ་གིས་ གདོང་ཁར་ཐོན་ཏེ་ ཁས་བླངས་ཐོག་ལས་ བརྟག་དཔྱད་འབད་བར་ འོང་དགོ་ཟེར་ཨིནམ་ད་ དུས་ཚོད་ཁར་ བརྟག་དཔྱད་འབད་བར་འོང་པ་ཅིན་ སྨན་བཅོས་ཡང་དུས་ཐོག་ལུ་ འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།

སྨན་བཅོས་དང་ བདག་འཛིན་འཐབ་ནིའི་དོན་ལུ་ཡང་ ལྷན་ཁག་གིས་ ནད་འབུཔ་དང་གཅིག་ཁར་སྡོད་མི་ མི་ཚུ་གི་དོན་ལུ་ རྫོང་ཁག་སྨན་ཁང་བརྒྱུད་དེ་ གཞི་རྟེན་སྨན་ཁང་དང་ མི་སྡེའི་བརྟག་དཔྱད་ཁང་ཚུ་ནང་ལས་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།

དེ་གི་ནང་ལས་ ཁག་ཆེ་ཤོས་ར་ ནད་འབུཔ་དེ་ ངེས་ཏིག་ཐོབ་ཡོད་པའི་ ངོས་འཛིན་དེ་ཡང་ དུས་ཚོད་ཁར་ ཤེས་ཚུགསཔ་བཟོ་ནིའི་དོན་ལུ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་སྦེ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ཡོདཔ་བཟོ་ནི་ཨིན་པའི་གནས་ཚུལ།

འབྲེལ་བ་ཡོད་པའི་རྩོམ་བྲིས།